Panchen Rinpoche Chokyi Galtsen

Probably the best thing I did in my life was a simple idea, implemented with a typewriter and airmail envelope: to arrange for Gyalwa Rinpoche and Panchen Rinpoche to have in indepth, free, unmonitored conversation without other parties listening in.

Since January 28, 2019 is the 30th anniversary of the passing of the tenth Panchen Lama, many Tibetans are re-assessing his remarkable achievements in protecting Tibetan language, culture and religion from Han racism, blindness and arrogance.

Thirty years ago, it was not at all clear what he had achieved, now we know. Three years earlier, in 1986, China allowed him his one trip to a Western country, to Australia, as part of a formal delegation of Chinese “parliamentarians” on a reciprocal visit after Australian politicians had toured China. Panchen Rinpoche was not even the leader of the delegation, but number two.

The delegation’s itinerary was designed by officials in the administrative offices of the Australian parliament, and, fortunately, sent out to many people, far in advance. I was a journalist working for Radio Australia, which is how I came to know.

My simple idea was that the two greatest of lamas, one inside, the other outside Tibet, who had such impact on everything happening in Tibet, should talk. It happened. Only years later, in a Gyalwa Rinpoche autobiography, did I discover how rare that opportunity was. That simple idea worked, not because we knew what we were doing, in fact, we Australians were out of our depth. Fortunately, the Panchen Lama’s handlers had even less idea of which way is up, and Panchen Rinpoche knew exactly what to do.

Rukor has reported this before, at length, for readers of English. Since most readers of Rukor.org are Tibetan, it is a pleasure to provide a Tibetan translation, done by Lungtok Lob from Sydney.

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལིར་ཆིབས་བསྒྱུར་གནང་བ།

(ཕྱི་ལོ་ ༡༩༨༦ ཟླ་ ༤ ཟླ་མཇུག་ནས་ ༥ ཟླ་སྟོད།)
རྩོམ་པ་པོ། GABRIEL  LAFITTE རྒེ་སྦལ་རེལ ལ་ཧྥེ་ཊི

སྒྱུར་མཁན། ཨོ་སི་ཌོ་ལི་ཡར་གནས་སྡོད་བློ་བཟང་ལུང་རྟོགས།

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡར་ཆིབས་བསྒྱུར་གནང་རྒྱུ་ཡིན་པའི་གནས་ཚུལ་དེ་ཐོག་མར་ཐོས་ཡོང་དུས། དེ་ནི་འབྱུང་མི་སྲིད་པ་ལྟ་བུ་ཞིག་དང་དོན་དངོས་ཐོག་དེའི་སྐོར་ལ་ག་རེ་བྱེད་དགོས་མིན་ཤེས་ཀྱི་མེད། དེ་ནི་མི་ལོ་ ༣༠ ཡར་སྔོན་སྟེ་ཕྱི་ལོ་༡༩༨༦ ལོ་སྟོད་ལ་རེད། ང་ཚོ་ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་ཞིག་གི་ནང་ཡོད་པའི་ཚོགས་པ་ཆུང་ཆུང་ཞིག་སྟེ། ༡༩༨༢ ལོ་ནས་བཟུང་བོད་ཀྱི་གནས་ཚུལ་མཁོ་སྤྲོད་ཞབས་ཞུ་ཁང་ Tibet Information Service (TIS) དུ་འབོད་པ་འདིས་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཤེས་རྟོགས་ཡོང་ཐབས་སུ་འབད་བརྩོན་ཞུ་བཞིན་ཡོད། ཨོ་སི་ཊོ་ལི་ཡའི་མི་དཀྱུས་མ་རྣམས་ལ་མཚོན་ན། ང་ཚོའི་སེམས་ཁྲལ་ནི་རྒྱུ་སྐར་མིག་དམར་ནང་གི་མི་ཆུང་ལྗང་ཁུ་ཅན་ལ་ཞུ་གཏུགས་བྱས་པའི་དཔེ་ལྟར། སྐབས་དེའི་བོད་དོན་སྐོར་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ཉུང་རེད།

བསྔགས་འོས་པ་ཞིག་ལ་གཟིགས་སྐོར་སྐབས་སུ་ཆུ་ཚོད་གཅིག་ལྷག་གི་རིང་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཞལ་པར་བརྒྱུད། ལྟ་རྟོག་དང་བཀོད་འདོམས་བྱེད་མཁན་མེད་པར་ཐད་ཀར་བཀའ་མོལ་གནང་ཐུབ་པ་བྱུང་ཡོད། སྐབས་དེར་འདི་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་ཡིད་ལ་ཡང་འཆར་ཐུབ་མེད། ལོ་ངོ་བཞིའི་རྗེས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ་དཔར་སྐྲུན་བྱུང་རྗེས་གཞི་ནས་གནས་ཚུལ་དེ་དམིགས་བསལ་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་།  ཕྱི་ལོ་ ༡༩༩༠ ནང་”བཙན་བྱོལ་ནང་གི་རང་དབང་” པར་སྐྲུན་བྱས་པའི་མཛད་རྣམ་ནང་འཁོད་པ་ལྟར་ན། སྐབས་དེའི་བཀའ་མོལ་ནི་ཁོང་རྣམ་པ་གཉིས་ཀྱིས་རང་དབང་ཐོག་གནང་ཐུབ་པ་བྱུང་བའི་བཀའ་མོལ་གཅིག་པུ་དེ་ཡིན་པ་དང་། སྔོན་ཆད་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་པེ་ཅིང་དུ་བཞུགས་དུས་ལྟ་རྟོག་ནན་པོའི་འོག་བཀའ་མོལ་གྱི་གོ་སྐབས་ཐེངས་གཉིས་བྱུང་ཡོད་འདུག །༸གོང་ས་ཏཱ་ལའི་བླ་མའི་མཛད་རྣམ་ ”བཙན་བྱོལ་ནང་གི་རང་དབང་” ནང་འདི་ལྟར་གསུངས་ཡོད།
ཁོང་ཉིད་ཨོ་སི་ཊོ་ལི་ཡའི་ནང་གཟིགས་སྐོར་སྐབས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པ་ལྟར་ལྟ་རྟོག་བྱེད་མཁན་ཚོ་ལས་གཡོལ་ཐུབ་པ་བྱུང་སྟེ། ང་རང་འཇན་མན་ནའི་ནུབ་ཕྱོགས་སུ་ཡོད་དུས་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་།

ང་ཚོས་བཀའ་མོལ་ཡུན་རིང་པོ་ཞིག་ལ་གནང་མ་ཐུབ་ན་ཡང་།  སྐབས་དེར་ཁོང་ནི་བོད་ཀྱི་ནང་བསྟན་དང་བོད་མི་མང་། རྒྱལ་ཁབ་བཅས་ཀྱི་ཆེད་བློ་གཅིག་སེམས་གཅིག་ཡིན་པ་ཤེས་རྟོགས་ཡོང་བར་དུས་ཚོད་ལྡང་ངེས་བྱུང་སོང་། [1] (ལོ་ཙཱ་བའི་མཆན། བསྟན་འཛིན་ཤེས་རབ་ལགས་ཀྱིས་བསྒྱུར་བའི་དེབ་ནང་གཤམ་གསལ་ལྟར་འདུག་ཀྱང་།  གོང་གསལ་ལྟར་བདེ་མིན་ཨིན་ཡིག་རང་ལ་ཆ་འཛིན་ཡོང་བ་ཞུ།  འོན་ཀྱང་། ཁོང་ཨོ་སི་ཀྲི་ལི་ཡར་ཆིབས་བསྒྱུར་གནང་བའི་སྐབས་དེར་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་དུས་ཚོད་ཐོག་རྒྱ་མིས་མ་ཤེས་པ་བྱས་ཏེ་འཇར་མན་ནང་བཀའ་མོལ་ཞུས་པ་ཡིན། བཀའ་མོལ་ཡུན་རིང་པོ་མ་བྱུང་ཡང་པཎ་ཆེན་རིན་པོ་ཆེ་མཆོག་གི་ཐུགས་དབུས་སུ་རང་ཉིད་ཀྱི་ཆོས་དང་། རང་ཉིད་ཀྱི་མི་མང་། རང་ཉིད་ཀྱི་རྒྱལ་ཁབ་བཅས་ལ་བརྩེ་ཞེན་ལྷད་མེད་བརྟན་པོ་ཡོད་པ་རྟོགས་ཐུབ་ཙམ་གྱི་ཡུན་རིང་བཀའ་མོལ་ཞུ་རྒྱུ་བྱུང་།)

ཨོ་སི་ཊོ་ལི་ཡའི་ཚོགས་པ་ཆུང་ཆུང་ཞིག་གིས་གོ་སྒྲིག་འདི་འདྲ་ཞིག་ཅི་ལྟར་བྱེད་ཐུབ་པ་བྱུང་བ་ཡིན་ནམ།  དོན་དངོས་ཐོག་སྐབས་དེར་ག་རེ་བྱེད་ཀྱི་ཡོད་མེད་ང་ཚོས་ཀྱང་གསལ་བོ་ཞིག་ཤེས་ཀྱི་མེད།  རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན་སྐབས་དེར་ལྟ་རྟོག་བྱེད་མཁན་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་གཞུང་འབྲེལ་སྣེ་ལེན་པ་ཚང་མར་དེ་ལྟར་བྱུང་འདུག །

ང་ཚོའི་ལས་ཀ་དེ་ལེགས་འགྲུབ་བྱུང་བ་ནི་ཁོ་ཚོ་ང་ཚོ་ལས་མང་བ་མགོ་འཐོམས་པས་ཡིན་པ་རེད།  སྐབས་དེར་ག་རེ་གནང་དགོས་ཀྱི་ཡོད་མེད་གསལ་བོར་མཁྱེན་ཡོད་མཁན་ནི་གཞན་མ་ཡིན་པར་༸ཀུན་གཟིགས་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་བ་ཁོང་ཉིད་རེད།

ལོ་རྒྱུས་འདི་ནི་སྔོན་ཆད་བཤད་མ་མྱོང་བ་ཞིག་ཡིན་པ་དང་། འདི་ནི་རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་(མཆན། གློད་བཀྲོལ་རྗེས) བལ་ཡུལ་ལས་གཞན་ཕྱིའི་རྒྱལ་ཁབ་ལ་ཕེབས་བཅུག་གནང་བ་གཅིག་པུ་དེ་རེད།

འདི་ཡང་མི་ལོ་ ༣༠ རྗེས་སུ་གཞི་ནས་ཤོད་ཀྱི་ཡོད། དེ་ཡང་བགྲེས་ཡོལ་ལ་ཕེབས་ཟིན་པའི་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ལོ་རྒྱུས་འདི་ལ་ཐུགས་སྣང་ཆེན་པོ་གནང་ནས་མ་འོངས་པའི་མི་རབས་ཚོའི་ཆེད་ཡིག་ཆ་བསྡུ་རུབ་བྱས་པ་རྣམས་ང་ཚོར་མཁོ་སྤྲོད་ཀྱིས་པར་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་ཆེན་པོ་གནང་སོང་།

ང་ཚོས་ག་རེ་བྱེད་དགོས་པ་རེད་དམ། ང་ཚོས་ཤེས་པ་ནི་ཨོ་སི་ཊོ་ལི་ཡ་དབུས་གྲོས་ཚོགས་གྱིས་སྐུ་མགྲོན་ལ་གདན་ཞུ་གནང་བ་ལྟར།  རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཨོ་སི་ཊོ་ལི་ཡར་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། དེའི་རྗེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་གནང་བའི་ཕར་འགྲོ་ཚུར་ཡོང་གི་ལས་འཆར་ཞིག་ཡིན་འདུག །

སྐབས་དེའི་གཟིགས་སྐོར་ཚོགས་པའི་ཚོགས་མི་ཚོའི་མིང་ཐོའི་ནང་དུ་པཎ་ཆེན་ཨེ་ཏི་ནི་Bainqen Erdeni གཅིག་པུ་འཁོད་ཡོད་ཀྱང་། ང་ཚོས་ཁོང་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ཡིན་པ་ཤེས་ཀྱི་ཡོད།  (ཨོ་སི་ཊོ་ལི་ཡ) དབུས་གྲོས་ཚོགས་ཀྱི་སྐུ་མགྲོན་སྣེ་ལེན་ཚན་པ་ནས་ཕིན་ཡིག་ཐོག་ཀློག་འདོན་དཀའ་བའི་མཚན་འདི་སུ་ཡིན་མིན་རྩ་བ་ནས་ཤེས་ཀྱི་མེད་པ་འདྲ།  ང་ཚོར་དྲི་བ་མང་པོ་ཞིག་ཡོད་པ་ནི།  ཁོང་ཉིད་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཀྱི་སྐུ་ཚབ་ཚོགས་པའི་འགན་འཛིན་གཞོན་པ་ཙམ་མ་ཡིན་པར།  བོད་ནང་བཞུགས་པའི་བླ་ཆེན་མཐོ་ཤོས་དེ་ཡིན་པས་ང་ཚོས་དོན་དངོས་ཐོག་ཁོང་ཉིད་སུ་ཡིན་མིན་གསལ་སྟོན་བྱེད་དགོས་པ་རེད་དམ།

ཡང་ན།  ཁོང་ཉིད་ཞལ་སྐྱེངས་མི་ཡོང་བའི་ཆེད་སྣང་མེད་དུ་འཇོག་དགོས་པ་རེད་དམ།

ཁོང་ཉིད་ལ་ཁ་ཁུ་སིམ་པོའི་ཁོར་ཡུག་ཅིག་བསྐྲུན་ནས་ཐབས་མཁས་ཀྱི་མཛད་པ་མུ་མཐུད་བསྐྱང་བཅུག་དགོས་སམ།

ཡང་ན།  རྒྱ་དམར་གྱི་བོད་ཡུལ་བཙན་བཟུང་བྱས་པ་ཁྲིམས་མཐུན་ཡོང་ཆེད་རྒྱ་གཞུང་གིས་ཁོང་བེད་སྤྱོད་གཏོང་གི་ཡོད་ཚུལ་ཤོད་དགོས་པ་རེད་དམ།

ཨོ་སི་ཊོ་ལི་ཡའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་དྲིལ་བསྒྲགས་ལ་སྡིངས་ཆ་བསྐྲུན་པར་སྐྱོན་བརྗོད་བྱེད་དགོས་པ་རེད་དམ་སོགས་ཡིན།  གཟིགས་སྐོར་གྱི་མཛད་རིམ་ཁག་ཟླ་བ་ཁ་ཤས་སྔོན་ནས་གཏན་ཁེལ་ཟིན་ཡོད་པར་མ་ཟད།  ཨོ་སི་ཊོ་ལི་ཡའི་དབུས་གྲོས་ཚོགས་ཀྱི་ལས་རིམ་ངོ་སྤྲོད་ཀྱི་ལག་དེབ་ནང་མཛད་རིམ་འཁོད་ཡོད་པ་ནི་དེ་བས་ཀྱང་བློ་ཕམ་གཞི་ཞིག་རེད།  གཟིགས་སྐོར་ཚོགས་པ་ཨོ་སི་ཊོ་ལི་ཡའི་ནང་བདུན་ཕྲག་གཉིས་ཙམ་ཕེབས་པའི་རིང་།  གྲོང་ཁྱེར་ཆེ་གྲས་སིཌ་ཎི་དང་མེལ་སྦོན།  རྒྱལ་ས་ཁེན་སྦེ་རར་བཅས་སུ་འཁྱུག་ཙམ་དང་།  དུས་ཚོད་མང་ཆེ་བ་ཁོན་སི་ལེན་ཌི་མངའ་སྡེའི་ཁོངས་སུ་ཡོད་པའི་བྱུ་རུའི་མཚོ་རྒྱུད་ཀྱི་མཛེས་ལྗོངས་ལ་གཟིགས་སྐོར་དང་།  དེ་ནས་ཕྱུགས་ལས་ཐོན་སྐྱེད་ཀྱི་ས་ཁུལ་དང་ལག་ཆའི་བཟོ་གྲྭ་ཁག་ཅིག་ལ་རྟོག་ཞིབ་གནང་བར་ཕེབས།  ད་ཐེངས་ཀྱི་གཟིགས་སྐོར་འདི་ཚོང་ལས་སྡེ་ཁག་ནས་གོ་སྒྲིག་བྱས་པའི་སྐུ་ཚབ་ལྷན་རྒྱས་ལྟ་བུ་ཞིག་ཏུ་སྣང་།

སྟབས་ལེགས་པ་ཞིག་ལ་ང་ཚོར་ཟླ་བ་ཁ་ཤས་རིང་བསམ་བློ་གཏོང་ཁོམ་དང་། འབྱུང་སྲིད་པའི་གནས་ཚུལ་འདྲ་མིན་ལ་གདོང་ལེན་ཅི་ལྟར་བྱེད་དགོས་མིན་གྱི་གྲ་སྒྲིག་བྱེད་པར་གོ་སྐབས་བྱུང་། དེའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་བཟང་པོ་ལགས་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོར་ཕྱག་ཡིག་ཅིག་ཕུལ་པ་དང་། སིཌ་ཎིར་གནས་སྡོད་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་རྡ་རམ་ས་ལར་བཅར་ནས་༸གོང་ས་མཆོག་ལ་མཇལ་ཁ་དང་ལམ་སྟོན་ཞུ་བའི་གོ་སྐབས་ཀྱང་བྱུང་ཡོད།

ཁོང་སུ་རེད་དམ། ཅིའི་ཕྱིར་རྒྱ་གཞུང་གིས་ཁོང་ཉིད་འདིར་ཕེབས་བཅུག་པ་རེད།

བཙན་བྱོལ་བོད་མི་ཁ་ཤས་ཀྱིས་གནག་སེམས་དང་བཅས་༸ཀུན་གཟིགས་པཎ་ཆེན་ཡིན་པོ་ཆེར་”ཚོང་པ་རྒྱགས་པར “འབོད་ཀྱི་ཡོད། འོན་ཀྱང་། ཁོང་གི་སྐོར་ལ་གནས་ཚུལ་ཤེས་མཁན་ཧ་ཅང་དཀོན་པོ་རེད། ལྷག་པར་དུ་ཁོང་ཉིད་ཀྱིས་ཐུགས་སྤོབས་ཆེན་པོས་མའོ་ཀྲུའུ་ཞིའི་མུ་གེ་ཆེན་པོར་སྐྱོན་བརྗོད་བྱས་པར་བརྟེན་མི་ལོ་ ༡༤ རིང་བཙོན་འཇུག་བྱས་ཤིང་། ཕྱི་ལོ་ ༡༩༧༨ ལ་གློད་བཀྲོལ་ཐོབ་པ་ནས་བཟུང་ཁོང་གི་ག་རེ་གནང་གི་ཡོད་མེད། ད་དུང་ཁོང་ཉིད་ནས་ཐུགས་སྤོབས་ཆེན་པོས་བོད་ནང་གི་གཏོར་བཤིག་ཐེབས་པའི་དགོན་པ་རྣམས་བསྐྱར་གསོ་དང་། དགུང་ལོ་ཆུང་པའི་བླ་སྤྲུལ་རྣམས་ལ་སློབ་སྦྱོང་ཚད་ལྡན་ཞིག་ཡོང་ཆེད་སྐུ་ལས་བསྐྱོན་བཞིན་པའི་གནས་སྟངས་སོགས་ཤེས་རྟོགས་བྱེད་ཐུབ་མེད།

དེ་བས་ཐེངས་འདིར་ཁོང་ཨོ་སི་ཊོ་ལི་ཡར་ཕེབས་དོན་ནི་ཟོག་ལུག་ཉོ་རུ་ཡོང་བ་ཡིན་ནམ་ཡང་ན་གསོལ་ཤ་མཆོད་དུ་ཕེབས་པ་རེད་དམ་ཟེར་མཁན་ཡོད་སྲིད།

ཁོང་ཉིད་ལོ་ངོ་བཅུ་བཞིའི་རིང་བཙོན་དུ་བཞུགས་དགོས་བྱུང་པའི་གནས་ཚུལ་དེ་ཡོངས་གྲགས་རེད།  འོན་ཀྱང་ཁོང་ཉིད་ཀྱིས་ཕྱི་ལོ་༡༩༦༢ མུ་གེ་ཆེན་པོ་ཡོང་རྐྱེན་ཏུ་གྱུར་པའི་གཡོན་ཕྱོགས་པ་ཚོའི་ལག་འོག་ནས་བོད་མི་མང་གིས་མྱངས་པའི་སྡུག་བསྔལ་རེ་རེ་བཞིན་བགྲང་བའི་སྙན་ཞུ་ཞིག་གཙོ་འཛིན་མའོ་ཀྲུའུ་ཞིར་ཕུལ་ཡོད་པའི་སྐོར་ཤེས་ཀྱི་མེད།  ཕྱི་ལོ་༡༩༩༧ གཞི་ནས་ལོན་ཀྲོན་དུ་ཨིན་རྒྱ་གཉིས་ཐོག་ཡི་གེ་ཁྲི་བདུན་གྱི་སྙན་ཞུ་དེ་གསང་རྒྱ་ནས་ཐར་ཏེ་པར་སྐྲུན་བྱེད་ཐུབ་བྱུང་ཡོད།

གཟིགས་སྐོར་འདི་ཉིད་ཁོང་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕེབས་ཆོག་པའི་ཆོག་མཆན་ཐོག་མ་ཞིག་དང་། སྟབས་མ་ལེགས་པ་ཞིག་ལ་ལོ་གསུམ་གྱི་རྗེས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཡིན་པས་ང་ཚོས་ཆིབས་བསྒྱུར་ཐ་མ་དེ་ཡིན་པ་ཅི་ལྟར་ཤེས། ང་ཚོས་ཚོད་དཔག་ནི་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཐད་ཀར་བཀའ་མོལ་གནང་པའི་གོ་སྐབས་ཁ་ཤས་ཐོབ་སྲིད་པ་དེ་རེད།  སྐབས་ཐོག་དེར་ཁོང་རྣམ་པ་གཉིས་ཞལ་པར་བརྒྱུད་བཀའ་མོལ་གནང་ཐུབ་པ་ཞིག་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་རེད།

སྟབས་ལེགས་པ་ཞིག་ལ་སྐབས་དེར་ད་དུང་དྲ་རྒྱ་སླེབས་མེད་ཀྱང་སྦྲགས་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་དྲུང་ཆེར་སྙན་ཞུ་ཞིག་ཕུལ་བའི་དུས་ཚོད་ཀྱང་བྱུང།  བདུན་ཕྲག་ཁ་ཤས་རྗེས་སུ་སྦྲགས་ཐོག་ནས་ལྗགས་ལན་ཞིག་འབྱོར་བའི་ནང་ང་ཚོའི་བསམ་ཚུལ་དེ་ཡག་པོ་ཡོད་པ་དང་། སྐབས་དེར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་འཇར་མན་དུ་ཆིབས་བསྒྱུར་གནང་གཏན་སྐབས་ཁེལ་ཡོད་པས་ཞལ་པར་གྱི་སྐུད་ལམ་བརྟན་པོ་ཡོད་ཚུལ་གསུངས་འདུག །

ལས་དོན་དེ་སྒྲུབ་པའི་གོ་སྐབས་ལེགས་ཤོས་ནི་མེལ་སྦོན་གྲོང་ཁྱེར་ནང་རེད། དེ་དུས་ས་གནས་བོད་རིགས་ཚོགས་པའི་ངོས་ནས་ཕེབས་བསུ་གོ་སྒྲིག་བྱ་རྒྱུ་བྱས་ཡོད།  འོན་ཀྱང་།  དེ་ནི་ཉིན་༡༢ རིང་གི་གཟིགས་སྐོར་གྱི་ཐ་མའི་ཉིན་ཁ་ཤས་དེ་ཆགས་ཀྱི་ཡོད་པས་དེའི་སྔོན་ལ་གནས་ཚུལ་ག་རེ་ཡིན་ན་ཡང་ཐོན་སྲིད་པ་ཞིག་རེད།

སྐབས་དེར་ང་ཚོའི་ཚོགས་པའི་ངོས་ནས་གཏན་འབེབས་བྱས་དོན་ནི། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བོད་ཀྱི་བླ་ཆེན་གཅིག་མཚུངས་ལྟར་བརྩི་བཀུར་ཞུ་རྒྱུ་དང་། ཁོང་ཉིད་ལ་མངོན་གསལ་དོད་པོའི་ཐོག་རྒྱ་དམར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུའི་ཚབ་ཏུ།  ང་ཚོ་རང་ངོས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་ཉིད་ལ་དགོངས་ཚུལ་གསུང་བར་རང་དབང་མེད་པའི་སྐོར་གསལ་སྟོན་ཡོང་ཐུབ་རྒྱུར་འབད་རྩོལ་ཞུ་རྒྱུ་བཅས་ཡིན།  འདི་ནི་ང་ཚོའི་ངོས་ནས་བཤད་ན་བར་གནས་སུ་བསྡད་པ་འདྲ་བོ་ཞིག་རེད།  བར་གནས་སུ་སྡོད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།  ཆོས་ལུགས་དང་ཆབ་སྲིད་ཀྱི་ཁྱད་པར་འབྱེད་རྒྱུ་དང་།  བོད་ནང་གི་དཀའ་ངལ་གསལ་སྟོན་ཆེད་སྐད་འབོད་ཤུགས་ཆེན་པོ་ཞིག་མི་བྱེད་པ་དང་།   དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་ཚོགས་པ་དང་ཁོ་ཚོའི་རྒྱབ་སྐྱོར་བ་རྣམས་ཀྱིས་ང་ཚོའི་ཚོགས་པ་འདི་གནད་འགག་ཆེན་པོ་ཞིག་ཏུ་བརྩིས་མེད་པ་བཅས་རེད།

ང་ཚོའི་ཚོགས་པའི་ངོས་ནས་འབྱུང་སྲིད་པའི་གནས་སྟངས་མང་པོ་ཞིག་ལ་གདོང་ལེན་གྱིས་གྲ་སྒྲིག་བྱས་པ་ཡིན།  དཔེར་ན། རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་ནང་ཆོས་ལུགས་དད་མོས་རང་དབང་ཡོད་པའི་དཔང་རྟགས་ཀྱི་འགྲེམས་སྟོན་ལྟ་བུར་བེད་སྤྱོད་གཏོང་བའམ།  རྒྱ་ནག་དང་འབྲེལ་ཐག་ཉེ་བོར་འཛིན་འདོད་མཁན་གྱི་ཨོ་སི་ཊོ་ལི་ཡའི་འགོ་ཁྲིད་རྣམས་དྲིལ་བསྒྲགས་དེ་ལ་བརྟེན་ནས་ཁོང་ཚོའི་མངོན་འདོད་སྒྲུབ་པ། རྒྱ་ནག་ལ་དགོས་མཁོ་ཡོད་པའི་ལས་སྣོན་མ་བྱས་པའི་ཐོན་རྫས་སྣ་ཚོགས་ཨོ་སི་ཊོ་ལི་ཡར་ཡོད་པ་དང་།  རྒྱལ་ཁབ་གཉིས་དཔལ་འབྱོར་མཉམ་ལས་ལ་ནུས་པ་ཆེན་པོ་འདོན་བཞིན་པའི་སྐབས་ཁེལ་གྱི་ཡོད་པ་བཅས་རེད།

ང་ཚོས་ཨོ་སི་ཊོ་ལི་ཡའི་མི་མང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོའི་ཆེའི་ཛ་དྲག་གི་(མཆན། ཚོར་བ་སྐྱེན་པོ) གནས་སྟངས་སྐོར་དང་དེའི་རྒྱབ་ལྗོངས་སྐོར་ལ་འགྲེལ་བཤད་རྒྱག་པའི་ཡིག་ཆ་ཞིག་གྲ་སྒྲིག་བྱས་པ་ཡིན།

ཁོང་གིས་བོད་མི་ས་ཡ་དྲུག་གི་མངོན་འདོད་རྣམས་གསལ་ཁ་དོད་པོས་གསུང་ཐུབ་ཀྱི་མེད་པ།  ཁོང་བོད་ནང་མུ་མཐུད་ལྟ་རྟོག་དང་སུན་གཙེར་འོག་བཞུགས་དགོས་ཀྱི་ཡོད་པ།  སྐུ་ཉིད་ལ་གཞན་གྱི་བཙན་གནོན་དང་དབང་སྒྱུར་འོག་སྡུག་བསྔལ་མྱོང་བཞིན་པའི་རང་ཉིད་ཀྱི་མི་རིགས་ཀྱི་བདེ་སྡུག་ཆེད་བཀའ་གསུང་གནང་རྒྱུའི་རང་དབང་མེད་པ་སོགས་འཁོད་ཡོད།

སྐབས་དེའི་སྲིད་དོན་པ་ཚོར་ང་ཚོའི་གྲ་སྒྲིག་བྱས་པའི་ཡིག་ཆ་ཤོག་ངོས་བཞི་ཅན་པ་དེ་ཀློག་པའི་དུས་ཚོད་བྱུང་ཡོད་མེད་གསལ་བོ་མི་ཤེས།  ཡིག་ཆ་དེའི་སྒང་༸གོང་ས་མཆོག་གིས་གནང་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གསར་ཤོས་དང་། ཧའོ་ཡོ་པང་གི་བཅོས་བསྒྱུར་ལེགས་འགྲུབ་མ་བྱུང་བར་བརྟེན་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་དངོས་ཡོད་གནས་སྟངས་བཅས་ཡོད། ཨོ་སི་ཊོ་ལི་ཡའི་མི་མང་རྣམས་གནས་ཚུལ་འདི་དག་ལ་རྒྱུས་མངའ་མེད་པར་རང་ཉིད་ཨེ་ཤི་ཡའི་མངའ་ཁུལ་གྱི་ཆ་ཤས་ཤིག་ཡིན་འདོད་པའི་བསམ་ཚུལ་ལ་གོམས་འདྲིས་ལྟ་བུར་ཆགས་བཞིན་ཡོད་པ་རེད།  ལྷག་པར་དུ་གཟིགས་སྐོར་ཚོགས་པ་རྒྱ་ནག་ལ་ལོག་ཚར་བའི་བདུན་ཕྲག་གཅིག་གི་རྗེས་སུ་ཨོ་སི་ཊོ་ལི་ཡའི་སྲིད་བློན་(Bob) མཆོག་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་པ་རེད།

རྒྱ་ནག་མི་མང་གྲོས་ཚོགས་ཀྱིས་གཟིགས་སྐོར་ཚོགས་པ་དེ་ཕྱི་ཟླ་༥ ཚེས་༥ ཉིན་རྒྱལ་ས་ཁེན་སྦེ་རར་ཕེབས་དུས་ང་ཚོ་ཚོགས་པའི་གནས་ཚུལ་སྙིང་བསྡུས་ཤིག་འཁོད་ཡོད་པའི་ཤོག་ངོས་གཅིག་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་བྱས་པ་ཡིན།

དེའི་འགོ་བརྗོད་ལ་”ད་ལྟའི་ཆར་ཞི་མིའི་སྡེར་མོ་སུ་རེད་དམ”རྒྱ་ནག་གིས་ཨོ་སི་ཊོ་ལི་ཡ་ཝེ་ནམ་གྱི་མགོ་སྐོར་འོག་ཚུད་པར་བཤད་པའི་ལོ་རྒྱུས་སྐོར་ཟུར་ཙམ་སོགས་འཁོད་ནས་གཙོ་བོ་ཨོ་སི་ཊོ་ལི་ཡའི་འགོ་ཁྲིད་རྣམ་པར་ངོ་སྤྲོད་བྱས་དོན་ནི། རྒྱ་ནག་གཞུང་ལ་གྲོས་ཚོགས་ངོ་མ་ཞིག་མེད་པ་དང་། གལ་སྲིད་སྲིད་བློན་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་གཟིགས་སྐོར་ཚོགས་པ་འདི་ལ་དགའ་བསུ་བྱས་པ་ཡིན་ན། ཁོང་ཚོ་རྒྱ་ནག་གི་ཞི་མིའི་སྡེར་མོ་ཆགས་སྲིད་པ་རེད་ཅེས་སོགས་འཁོད་ཡོད།

ས་གདན་དམར་པོ་འདིང་དགོས་སམ།

གཟིགས་སྐོར་ཀྱི་དུས་ཚོད་ཟིན་ལ་ཉེ་བའི་སྐབས་སུ་རྒྱ་གཞུང་གི་བྱེད་སྟངས་གང་འདྲ་ཡིན་ནམ་སྙམ་པ་བྱུང་།  རིམ་པ་བཞིན་གནས་ཚུལ་རྣམས་གསལ་བོར་ཆགས་སོང་། ཕྱི་ཟླ་༤ པའི་ཚེས་༢༢ ཉིན་ཨོ་སི་ཊོ་ལི་ཡའི་ཚགས་ཤོག་གྲགས་ཅན་ “དཔལ་འབྱོར་བསྐྱར་ཞིབ”ཟེར་བ་དེའི་ཐོག་གནས་ཚུལ་ཞིག་ཐོན་སོང།  དེའི་ནང་དོན་ཁག་ནི་རྒྱ་ནག་གཞུང་གིས་དགོས་འདུན་ཞིག་བཏོན་ཡོད་པ་དང་།  དེ་ནི་ཕྱི་ལོ་༡༩༨༢ ༸གོང་ས་ཏཱ་ལའི་བླ་མ་ཆིབས་བསྒྱུར་སྐབས་སྤྲད་པའི་ཆེ་མཐོང་དང་གཅིག་པ་ཞིག་དགོས་པ་དེ་རེད།  ཨོ་སི་ཊོ་ལི་ཡའི་གཞུང་ལ་དེའི་ཐོག་དཀའ་ངལ་འཕྲད་ཀྱི་མེད། གང་ཡིན་ཟེར་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཨོ་སི་ཊོ་ལི་ཡའི་ནང་པའི་དད་ལྡན་པ་དང་གྲྭ་བཙུན་རྣམས་ཀྱིས་གདན་འདྲེན་ཞུས་པ་མ་གཏོགས་རྒྱལ་ཁབ་གཞུང་འབྲེལ་གྱི་སྐུ་མགྲོན་མ་རེད།  འོན་ཀྱང་། རྒྱ་ནག་གཞུང་ལ་མཚོན་ན་དེའི་ཁྱད་པར་ཤེས་རྒྱུ་ཧ་ཅང་ཁག་པོ་བྱུང་ཡོད།

སྐབས་དེར་བོད་རིགས་རྣམས་ཀྱིས་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་མི་སྣ་དང་འབྲེལ་ཡོད་རྣམས་ལ་གནས་ཚུལ་སྙིང་བསྡུས་སྙན་སེང་ཞུས་ཚར་ཡོད་པ་དང་། “དཔལ་འབྱོར་བསྐྱར་ཞིབ” གསར་ཤོག་ཐོག་སྤེལ་དོན། ཐེངས་འདིའི་གཟིགས་སྐོར་ཀྱིས་དབུས་གྲོས་ཚོགས་ཀྱི་ལས་བྱེད་རྣམས་མགོ་འཐོམ་བཅུག་ཡོད། གཟིགས་སྐོར་འདི་ཕྱིའི་སྣང་ཚུལ་ལ་དྲིལ་བསྒྲགས་ཡོང་ཆེད་དམིགས་པ་ཞིག་ཏུ་མཐོང་གི་མེད་ཀྱང་། ༸གོང་ས་ཏཱ་ལའི་བླ་མའི་རྒྱབ་སྐྱོར་བ་ཚོས་ཞི་འཇམ་གྱི་ཐབས་ལམ་ཞིག་གི་ཐོག་ནས་གནོན་ཤུགས་སླེབས་ཡོད་པ་གསལ་བོ་རེད་ཅེས་སོགས་འཁོད་ཡོད།

རྩོམ་ཡིག་དེ་ནི་གཟིགས་སྐོར་ཆ་ཚང་ཁྲོད་གསར་འགྱུར་བརྒྱུད་ལམ་ལ་ཐོན་པ་ཧ་ལམ་གཅིག་པུ་དེ་ཡིན་པ་དང་། དོན་དངོས་ཐོག་མང་ཚོགས་ཀྱི་ངོས་ནས་ཀྱང་ཕྱོགས་སུ་མ་ལྷུང་བའམ་དོ་སྣང་དེ་ཙམ་བྱས་མེད།  རྒྱ་གཞུང་གི་འདོད་དོན་ངོ་མ་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་གནད་ཡོད་ཆོས་ལུགས་མི་སྣ་རྣམས་ཀྱིས་དགའ་བསུ་དང་། ཁོང་དང་མཉམ་དུ་སྐུ་པར་མང་པོ་བསྒྲོན་པ་སོགས་བྱས་ནས་རྒྱ་གཞུང་གི་གུ་ཡངས་པའི་སྲིད་ཇུས་མངོན་ཐུབ་ཐབས་བྱེད་རྒྱུ་དེ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་སྐུ་སྒེར་གྱི་གོ་བབས་སམ་ཆེ་མཐོང་སྐོར་དེ་ཙམ་གྱིས་ཁྱབ་བསྒྲགས་བྱ་རྒྱུར་འབད་བརྩོན་བྱས་མེད། ཁོང་ཚོས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱིས་གོ་སྒྲིག་གང་གནང་བ་ལྟར་བཞག་འདུག །དཔེར་ན། དབུས་གྲོས་ཚོགས་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བསྟན་སློབ་གཉེར་སྡེ་ཁག་ལ་འབྲེལ་བ་བྱས་ཏེ།  ཁོང་ལ་༸གོང་ས་ཏཱ་ལའི་བླ་མའི་གནས་བབས་དང་གཅིག་པ་སྤྲོད་རྒྱུའི་རེ་འདུན་ཡོད་སྐོར་བཤད་འདུག་ཀྱང་།   ཁོང་ཚོས་ཐབས་མཁས་པོའི་སྒོ་ནས་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་མི་འདུག །དེ་བཞིན་རྒྱལ་ས་ཁེན་སྦེ་རའི་ནང་བསྟན་མཐུན་ཚོགས་ནས་ཀྱང་ཐེངས་འདིའི་གཟིགས་སྐོར་ལ་ཐེ་གཏོགས་མི་བྱེད་རྒྱུ་བདམས་འདུག།  །སིཌ་ཎི་གྲོང་ཁྱེར་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་”བོད་ཀྱི་བླ་མའི་ཆོས་ལུགས་ཀྱི་དབུ་འཁྲིད”ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་དང་།  ཕྱི་ཟླ་༤ ཚེས་༣༠ ཉིན་གྱི་ཨོ་སི་ཊོ་ལི་ཡའི་ཡི་ཤུའི་ཆོས་བརྒྱུད་ལྷན་ཁང་གིས་གོ་སྒྲིག་བྱས་པའི་མི་མང་འདུ་འཛོམས་ཐོག་ཁོང་གིས་ཞི་བདེ་དང་། འདྲ་མཉམ། སྙིང་རྗེ་དགོས་པ་དང་། ཕན་ཚུན་སྤུན་གྲོགས་ཀྱི་འདུ་ཤེས་དགོས་པ་སོགས་སྤྱིར་བཏང་གི་གསུང་བཤད་གནང་འདུག །

ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ནས་སྐབས་དེར་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་ནས་ལྐོག་ཟ་རུལ་བསུངས་བྱས་ཡོད་མེད་ཀྱི་དཀྲོགས་གཏམ་ལ་དབྱིངས་ཞུགས་ནས་ཁོང་གི་གསུང་བཤད་ཁག་ལ་དོ་སྣང་བྱས་མི་འདུག །

ངེས་གཏན་མེད་པའི་བར་གནས་པ་ཞིག


ཨོ་སི་ཊོ་ལི་ཡའི་མི་མང་གིས་དོ་སྣང་མ་སྤྲད་པ་དང་། ང་ཚོའི་ངོས་ནས་ཀྱང་དཀར་ནག་དང་བཟང་ངན་གང་ཡང་མ་ཡིན་པའི་རྣམ་འགྱུར་ཞིག་བསྟན་པ།  རྒྱ་གཞུང་གི་ཕྱི་འབྲེལ་ལས་བྱེད་ཚོས་ཁྱད་མཚར་བའི་ཕྱག་ལས་གནང་སྟངས་བཅས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་རང་ཉིད་ཀྱི་འདོད་པ་ཤོད་རྒྱུའི་གོ་སྐབས་བྱུང་མེད།

གཟིགས་སྐོར་ཚང་མ་གྲུབ་པའི་རྗེས་ལ་ང་ཚོའི་ཚོགས་པའི་ལས་བྱེད་DAVID TEMPLEMAN འདི་ལྟར་བྲིས་འདུག །

གཟིགས་སྐོར་གྱི་མཛད་རིམ་མང་ཆེ་བ་ནི་ང་ཚོས་འདོད་པ་བཞིན་བྱུང་སོང་། གཟིགས་སྐོར་ཚོགས་པའི་གཏམ་བཤད་ཕལ་ཆེ་བ་ང་ཚོས་འགོག་ཐུབ་བྱུང་ཡོད་ལ།  རྒྱལ་ཁ་མང་ཆེ་བ་ང་ཚོར་ཐོབ་སོང་བས་གཟིགས་སྐོར་སྐབས་གང་དུ་ཡང་ང་ཚོའི་སྟངས་འཛིན་ལས་བརྒལ་སོང་བསམ་པ་མ་བྱུང་། གཟིགས་སྐོར་འདིའི་སྐོར་ལ་ང་ཚོས་གྲ་སྒྲིག་ཧ་ཅང་ལེགས་པོ་བྱས་ཡོད་པ། དཔེར་ན། གནད་ཡོད་མི་སྣ་དང་ནུས་པ་ཆེ་བའི་འབྲེལ་ལམ་ཁག །ད་དུང་གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་ང་ཚོར་མཐུན་འགྱུར་ཡག་པོ་གནང་སོང་།

རྗེས་སུ་ཤེས་རྟོགས་བྱུང་བ་ནི། ང་ཚོར་ཤ་ཚ་དང་རྒྱབ་སྐྱོར་བྱས་པ་ནི་ཨོ་སི་ཊོ་ལི་ཡའི་མི་མང་གི་སྟབས་བདེའམ་རྒྱས་སྤྲོས་མེད་པའི་གཤིས་ཀ་དེ་མཚོན་ཡོད། ཁོང་ཚོ་ནི་བདེ་འཇགས་དང་ས་མཚམས་བརྟན་སྲུང་སོགས་ཀྱི་སྐོར་ལ་སྨྱོ་ཧམ་དེ་ཙམ་མེད་པ་དང་། རྩ་བས་མི་མང་གི་ཕྱོགས་སུ་ལངས་ནས་སྟོབས་ཤུགས་ཆེ་བའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་དེ་རེད། ཨོ་སི་ཊོ་ལི་ཡར་མཚོན་ན་ཡང་སྐབས་དེར་ལས་སྣོན་མ་བྱས་པའི་ཐོན་རྫས་རྒྱ་ནག་ལ་བཙོངས་ནས་སྒྲོ་ལོ་དུང་ཕྱུར་མང་པོ་བཟོ་བཞིན་མེད་པ་དང་། གཉོམ་ཆུང་ལ་རྒྱབ་སྐྱོར་དང་ཆེན་པོ་ལ་ཁ་གཏད་ལངས་པ་ཨོ་སི་ཊོ་ལི་ཡའི་རིག་གཞུང་ལྟ་བུར་གྱུར་ཡོད་པས་ཡིན། འོན་ཀྱང་། ད་ལྟ་དེ་འདྲ་ཞིག་མིན།

རྒྱལ་ས་ཁེན་སྦེ་རའི་ཉིན་གསུམ་རིང་གི་གཟིགས་སྐོར་ཚོགས་པའི་མཐའ་མའི་ཉིན་དེར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། ནམ་རྒྱུན་རྒྱལ་ནང་གི་རྙོག་གླེང་སྐོར་ལས་བྲེལ་ཆེ་བའི་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་འབྲེལ་ཡོད་ཀྱི་གསར་འགོད་པ་ཚོ་དང་ལྷན་དུ་ཉིན་གུང་གསོལ་ཚིགས་ཤིག་གྲ་སྒྲིག་བྱས་ཡོད།  ང་ཚོའི་ངོས་ནས་གསོལ་ཚིགས་དེར་ཕེབས་མཁན་སུ་སུ་ཡིན་མིན་ཤེས་འདོད་ཆེན་པོ་ཡོད་པ་མ་ཟད། ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་ཡིག་ཆ་དང་འོས་ཤིང་འཚམས་པའི་དྲི་བ་དྲིས་ལན་རྣམས་ཁོང་ཚོར་འཕྲོད་ཐུབ་པ་བྱས་པ་ཡིན། ང་ཚོས་ཐོག་མར་མདུན་སྒོ་ནས་སྐུ་མགྲོན་སུ་སུ་ཡིན་མིན་གྱི་ཐབས་ཤེས་བྱས་པར་གྲུབ་འབྲས་བྱུང་མ་སོང་མོད།  ལྟག་སྒོ་བརྒྱུད་སྐུ་མགྲོན་རྣམས་ཀྱི་མཚན་གཞུང་དང་ལྷག་པར་དུ་ཚོར་བ་ཧ་ཅང་སྐྱེན་པའི་གནས་སྟངས་ཁོང་ཚོར་ངོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད།

ཨོ་སི་ཊོ་ལི་ཡའི་དད་ལྡན་མང་ཚོགས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་མཇལ་ཁ་ཞུས་པ།

ཨོ་སི་ཊོ་ལི་ཡའི་དབུས་གྲོས་ཚོགས་ཀྱི་སྐུ་མགྲོན་དུ་གདན་ཞུ་གནང་བ་ལྟར་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་ཁོང་ནི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་གཟིགས་སྐོར་ཚོགས་པའི་ཚོགས་མི་ཞིག་དང་། སྐབས་དེའི་གཟིགས་སྐོར་ཚོགས་པ་དེའི་ཚོགས་གཞོན་ཙམ་རེད།

གཟིགས་སྐོར་ཚོགས་པ་དེ་མི་སྣ་མང་པོས་གྲུབ་པ་ཞིག་ཡིན་པ་དང་། འཐུས་ཚོགས་ཀྱི་ཚོགས་མི་ཙམ་མ་ཡིན་པར་ཁོང་ཚོར་ལྟ་རྟོག་དང་བཀོད་འདོམས་བྱེད་མཁན་མང་པོ་ཡང་མཉམ་དུ་བཅར་ཡོད་པར་མ་ཟད། རྒྱལ་ས་ཁེན་སྦེ་རར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དང་། ཨོ་སི་ཊོ་ལི་ཡ་གཞུང་གིས་གོ་སྒྲིག་བྱས་པའི་སྐུ་སྲུང་བ། གཞུང་འབྲེལ་རླངས་འཁོར་ཁ་ལོ་བ་དང་རླངས་འཁོར་སོགས་ཆིབས་ཞབས་སུ་ཡོད་པ་རེད།

ཁོང་ཚོ་གང་དུ་ཕེབས་ཀྱང་གཞུང་འབྲེལ་གྱི་འདྲ་པར་རྒྱག་མཁན་ཡོད་པ་རྣམས་ཀྱིས་འོས་ཤིང་འཚམས་པའི་འདྲ་པར་(གཟིགས་སྐོར་རྣམས་ཀྱི་འདོད་མོས་ལྟར) རྒྱབ་པ་རྣམས་ད་ལྟ་ཨོ་སི་ཊོ་ལི་ཡའི་གཞུང་གི་ཡིག་མཛོད་ནས་རག་གི་རེད།

སྐབས་དེའི་མཛད་རིམ་གཉིས་ཡོངས་གྲགས་ཐོག་ཡིག་ཆའི་ནང་འཁོད་མེད། གཅིག་ནི་སིཌ་ཎིར་སྣེ་ལེན་མཛད་སྒོ་དང་། གཉིས་པ་ནི་མེལ་སྦོན་དུ་བོད་རིགས་མཐུན་ཚོགས་ཆུང་ཆུང་དེ་ལ་༸ཀུན་གཟིགས་པཎ་ཆེན་པོ་རིན་པོ་ཆེས་མཇལ་ཁ་གནང་བ་དེ་རེད། ད་ལྟའི་༢༠༡༦ གི་བོད་རིགས་༡༧༠༠ ལ་བསྡུར་ན་སྐབས་དེའི་བོད་རིགས་ཀྱི་གྲངས་འབོར་ནི་ཧ་ཅང་ཉུང་ཉུང་རེད།

སིཌ་ཎིར་གཟིགས་སྐོར་ཀྱི་སྐབས་སུ་ཨོ་སི་ཊོ་ལི་ཡར་སྐྱབས་བཅོལ་རྣམས་ཀྱི་ཆེད་མ་དངུལ་འདུ་འགོད་ཀྱི་ལས་ཀར་འབད་བརྩོན་གནང་བཞིན་པའི་ཚོགས་པ་གཉིས་ཏེ།  བོད་ཀྱི་སྤྱི་ཚོགས་ཟེར་བ་དང་བོད་ཀྱི་གྲོགས་པོ་ཟེར་བའི་ཚོགས་པ་གཉིས་ཡོད་པ་ཁོ་ཚོས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་པ་རེད། (Australian Tibetan Society, and Tibetan Friendship Group) གསར་འགོད་གསལ་བསྒྲགས་དེའི་ནང་པཎ་ཆེན་རིན་པོ་ཆེ་མཆོག་གིས་མང་ཚོགས་ནང་རང་དབང་ཐོག་བཀའ་མོལ་གནང་མི་ཐུབ་པ་དང་། ཁོང་ལ་གནང་དགོས་ངེས་བཀའ་མོལ་མང་པོ་ཡོད་ངེས་རེད་སོགས་འཁོད་ཡོད་པ་དང་། མཛད་སྒོ་དེའི་ཐོག་བོད་མི་མང་པོ་ཞིག་ནས་རྒྱ་གཞུང་གི་གཡོ་བྱུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་པར། ལྟ་རྟོག་བྱེད་མཁན་རྒྱ་མི་ཚོས་བོད་མི་ཚོའི་བྱེད་སྟངས་དེ་དག་ཁྲིམས་མེད་ལུགས་མེད་དང་།  ཐ་ན་དམའ་འབེབས་བྱེད་པ་ཞིག་ཏུ་མཐོང་ནས་དོགས་འདྲོག་གམ་དངངས་སྐྲག་སྐྱེས་བཅུག་ཡོད་འདུག།།

གཟིགས་སྐོར་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་ཁོང་རྣམས་གནམ་གྲུར་བསྡད་ནས་མེལ་སྦོན་ལ་ཕེབས་པ་དང་། མེལ་སྦོན་བོད་རིགས་མཐུན་ཚོགས་ནས་ཕེབས་བསུ་ཞུ་འཆར་ཡོད་པའི་མཛད་རིམ་དེ་ཕྱིར་འཐེན་བྱས་ཡོད་ཚུལ་དང་།  གལ་སྲིད་མཇལ་འཕྲད་ཡོད་པ་ཡིན་ན་ཡང་བོད་རིགས་ཉུང་ཉུང་ཞིག་ཁོང་བཞུགས་སའི་མགྲོན་ཁང་དུ་གོ་སྒྲིག་ཞུ་རྒྱུ་ཡིན་ཚུལ་བརྗོད་པ་རེད།

མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་མཛད་སྒོ་དེ་འོས་འཚམ་ཞིག་ཡོང་བའི་ཆེད་དཀའ་ལས་མང་པོ་རྒྱབ་སྟེ་གྲ་སྒྲིག་གནང་ཡོད། རྒྱ་གར་བ་ཕྱུག་བདག་ZARNA ཛར་ན་དང་ANIL SOMAIA ཨ་ནོལ་སོ་མ་ཡེའ་བཟའ་ཚོ་གཉིས་ཀྱིས་ས་གནས་RINGWOOD རན་ཝུ་ཊིར་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་ཐོག་བརྩེགས་ཅན་ཞིག་གཡར་གནང་བ་དང་། ཁང་བའི་ནང་བོད་ཀྱི་ཐང་ཀ་དང་བཀྲ་ཤིས་རྟགས་བརྒྱད་སོགས་སྒྲིག་ཤོམ་བྱས་པ། བཞུགས་ཁྲིའི་མཐའ་ཟུར་གཉིས་སུ་༸གོང་ས་ཏཱ་ལའི་བླ་མའི་སྐུ་པར་ཡང་བཤམས་ཡོད།

གཟིགས་སྐོར་ཚོགས་པ་མེལ་སྦོན་ལ་འབྱོར་ནས་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་མ་འཚོག་པའི་ཆུ་ཚོད་༢༤ སྔོན་དུ། ཁོང་ཚོས་གོ་སྒྲིག་བྱས་པའི་མགྲོན་ཁང་ནང་ཡོང་དགོས་པའི་སྐུལ་སློང་བྱས་སོང་། ང་ཚོས་ད་ཐེངས་ཀྱི་མཛད་སྒོ་འདི་ཕོག་ཐུག་མེད་པ་ཞིག་ཡིན་ཚུལ་ནན་བརྗོད་བྱས་ཀྱང་ཁོང་ཚོས་རྒྱུ་མཚན་ཁུངས་ལྡནཞིག་ཤོད་རྒྱུ་མེད་པར་མུ་མཐུད་དོགས་པ་བྱེད་ཀྱི་འདུག །

སྐབས་དེར་དགུང་མོ་ཧ་ཅང་འཕྱི་བོ་ཆགས་ཟིན་ན་ཡང་། ང་ཚོས་དེ་འདྲ་ཡིན་ན་འདུ་འཛོམས་བྱེད་སར་ཁྱེད་རང་ཚོ་དངོས་སུ་ཡོང་ནས་རྟོག་ཞིབ་བྱེད་རོགས་ཞེས་བསམ་ཚུལ་བརྗོད་པ་ཡིན།

ལྕམ་ཛར་ན་དང་བོད་མི་ཚོས་བཞུགས་ཁྲི་བརྒྱབ་སྟེ་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་པར་མ་ཟད་ཡིད་དབང་འཕྲོག་ནུས་པའི་ཞལ་ལག་མཆོད་ས་ཞིག་ཀྱང་གོ་སྒྲིག་བྱས། མེལ་སྦོན་གནས་སྡོད་བོད་པའི་ཆོས་དགེ་གཉིས་པཎ་ཆེན་རིན་པོ་ཆེའི་མཉམ་དུ་ཐོག་ཁང་དུ་ཞལ་ལག་མཆོད་རྒྱུ་དང་གཞན་རྣམས་འོག་ཁང་དུ་རླངས་འཁོར་འཇོག་ས་ཆེན་པོ་ཞིག་ཡོད་པ་དེ་ལ་ཡང་མཛེས་རྒྱན་སྤྲས་ནས་ཧ་ཅང་སྙིང་རྗེ་བོ་ཞིག་བཟོས་ཏེ་གོ་སྒྲིག་བྱས།

འཆར་གཞི་ནི། དང་པོ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་གསུང་ཆོས་གནང་རྒྱུ་དང་། དེ་ནས་མཇལ་ཁ་དང་སྐུ་པར་བསྒྲོན་པ། ཁང་བ་སྦུག་མའི་ནང་ཁོང་གིས་ཞལ་ལག་མཆོད་རྒྱུ་དང་། དེ་ནས་ཆིབས་ཞབས་ཚོ་དང་མི་མང་རྣམས་ལྷན་ཏུ་འོག་ཁང་ནས་དགོང་ཚིགས་མཉམ་རོལ་བྱེད་རྒྱུ། ༸གོང་ས་མཆོག་དང་ཞལ་པར་བརྒྱུད་བཀའ་མོལ་གནང་དུས་མི་གཞན་གྱིས་ལྟ་རྟོག་མེད་པ་བཅས་བྱེད་རྒྱུ་དེ་རེད།

ZARNAལྕམ་ཛར་ན་ལགས་ནས་སྐབས་དེར་༸གོང་ས་མཆོག་ཆིབས་བསྒྱུར་གནང་སའི་འཇར་མན་ལ་ཐག་ཉེ་ཤོས་ཀྱི་བོད་ཀྱི་དོན་གཅོད་ལས་ཁུངས་ཏེ་སིད་སིར་ཡོད་པའི་བོད་ཀྱི་སྐུ་ཚབ་མཉམ་དུ་འབྲེད་མཐུད་བྱས་པ་རེད།  དོན་གཅོད་ལས་ཁུངས་ནས་མཛད་སྒོའི་ཉིན་གཉིས་ཀྱི་སྔོན་དུ་ལྕམ་ཛར་ན་ལགས་སུ་གུས་ཞབས་དང་བཅས་ཞལ་པར་བཏང་ནས་ཁོ་མོ་རྒྱ་གར་མི་ཚང་ཞིག་ཡིན་མིན་དང་།  ཁོ་མོས་དོན་དངོས་ཐོག་རླབས་ཆེན་གྱི་བླ་མ་རྣམ་གཉིས་དབར་དུ་འབྲེལ་བ་འཛུགས་ཐུབ་མིན་སྐད་ཆ་དྲིས་འདུག་པ་མ་ཟད། ༸གོང་ས་ཏཱ་ལ་བླ་མ་མཆོག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཞལ་པར་བརྒྱུད་བཀའ་མོལ་ཞུ་འདོད་འདུག་ཅེས་ཁོང་མོར་བཤད་འདུག།།

ད་ནི་ཡོད་ཚད་རྒྱ་མི་ལས་བྱེད་ཚོའི་དོགས་པ་ཐེ་ཚོམ་ལ་རག་ལས་ཀྱི་ཡོད།  སྟབས་ལེགས་པ་ཞིག་ལ་ཁོང་ཚོས་ལྕམ་ཛར་ན་ཡི་ཁང་པའི་ནང་རྟོག་ཞིབ་བྱེད་དུ་ཡོང་རྒྱུ་ཁས་ལེན་བྱས་པ་རེད།  བསོད་ནམས་རིག་འཛིན་དང་GABRIEL LAFITTEE རྒེ་སྦལ་རེལ ལ་ཧྥེ་ཊི་གཉིས་ཀྱི་ཁོ་ཚོ་རླངས་འཁོར་ནང་བཞག་ནས་གྲོང་ཁྱེར་མཐའི་མུན་ནག་པའི་ཀྱག་ཀྱོག་གི་ལམ་ཁ་མང་པོ་བརྒྱུད་ནས་ཁྲིད་པ་དང་། ཁོང་ཚོ་མ་སླེབས་སྔོན་ལྕམ་ཛར་ན་ལགས་སུ་ཁ་པར་བཏང་ནས་ཕྱིར་འཐེན་བྱས་པའི་མཛད་སྒོ་དེ་བསྐྱར་དུ་འཚོག་ཐུབ་ཀྱི་ཡོད་པ་འདྲ་བས་ན།   བཞུགས་ཁྲིའི་གཡས་གཡོན་གྱི་༸གོང་ས་མཆོག་གི་སྐུ་པར་སྦས་ཏེ་མགྲོན་པོ་ཕེབས་པར་གྲ་སྒྲིག་ཞུ་རོགས་ལབ་ཅིང་།   སྐབས་དེར་ཧ་ཅང་འཕྱི་པོ་ཡིན་པས་ལྕམ་ཛར་ན་ལགས་ཀྱིས་མགྱོགས་པོར་ནང་གོས་བརྗེས་ནས་གྱོན་གོས་ཚུལ་དང་མཐུན་པ་ཞིག་གྱོན་པ་དང་དགུང་ལོ་བགྲེས་པའི་ཨ་མ་ལགས་ཀྱང་ཡར་བཞེངས་བཅུག་འདུག།།

ལྟ་རྟོག་བྱེད་མཁན་རྒྱ་མི་ཚོར་སྣེ་ལེན་བྱེད་སྟངས་ནི་ཤིན་ཏུ་ནས་ཞི་ལྷོད་དང་ཡིད་དུ་འཐད་པོ་ཞིག་བྱུང་འདུག། །ཁོང་ཚོ་སྒོ་འགྲམ་དུ་འབྱོར་དུས་གཤིས་རྒྱུད་འཇམ་པའི་སྐུ་ལྕམ་མ་བགྲེས་མོ་ཞིག་གིས་དགའ་བསུ་བྱས་པ་དང་། ཁོང་མོས་དད་གུས་ཀྱི་རྣམ་འགྱུར་ལག་ཟུང་ཐལ་མོ་སྦྱར་ནས་”ན་མ་སཾ་དྷི” (རྒྱ་གར་སྐད་དེ་བོད་སྐད་དུ་བཀྲ་ཤིས་བདེ་ལེགས) ཞེས་ཁོང་ཚོར་འཚམས་འདྲི་ཞུས་སོང་། མཆོད་བཤམས་ནི་དངོས་གནས་ཡིད་དུ་འོང་བ་ཞིག་ཡིན་པ་དང་། ཁང་བའི་ཕྱི་ནང་ཚར་མར་གློག་བཞུ་སྦར་ཡོད་པས་ཡོད་ཚད་འོད་མདངས་འཕྲོ་བའི་ངང་དགའ་བསུ་ཞུ་བ་ཞིག་ཏུ་སྣང་། ཁོང་ཚོས་གཟབ་གཟབ་ངང་ཚང་མར་ཞིབ་འཇུག་བྱས་སོང་བ་དང་། རྒྱུན་ལྡན་དང་མི་འདྲ་བ་རེ་མཐོང་ཚེ་ཞིབ་ཚགས་པོས་ལྟ་གིན་འདུག། ཐ་ན་ཁོང་ཚོས་ཁང་བའི་འོག་ལ་ཡང་སྔོག་བཤེར་བྱས་པས། ཕལ་ཆེར་བོད་པ་ཚོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱེད་པར་བློ་འཚབ་བྱེད་ཀྱི་ཡོད་པ་འདྲ། གང་ལྟར་ཁང་བའི་སྟེང་འོག་ཚང་མ་ཡང་དག་པའམ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་པ་མཐོང་རྗེས་ཁོང་ཚོས་ཕེབས་བསུའི་མཛད་སྒོ་འཚོག་རྒྱུར་ངོས་ལེན་བྱས་སོང་།

ཉིན་རྗེས་མར་ལྕམ་ཛར་ན་ལགས་ནས་སུད་སིར་ཁ་པར་བཏང་སྟེ་གོ་སྒྲིག་སྐོར་སྙན་སེང་ཞུས། དགུང་མོའི་ཆུ་ཚོད་བདུན་པའི་ཐོག་ཨོ་སི་ཊོ་ལི་ཡའི་གཞུང་གི་རླངས་འཁོར་རྣམས་སླེབས་སོང་། ཁང་བདག་རྒྱ་གར་བ་ཚང་དང་བོད་རིགས་རྣམས་ཀྱིས་ཕྱུ་བ་ཡག་ཤོས་གྱོན་ནས་དགའ་སྤྲོའི་ཕེབས་བསུ་ཞུས། ༸ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གིས་གོས་ཆེན་རྒྱ་སྨུག་གི་ན་བཟའ་སྟབས་བདེ་ཞིག་གསོལ་ཏེ་གཟི་བྱིན་འོད་སྣང་ལྷམ་མེར་ཆིབས་བསྒྱུར་གནང་སོང་།

ཁོང་ཉིད་༸གོང་ས་མཆོག་གི་སྐུ་པར་གཡས་གཡོན་དུ་བཤམས་ཡོད་པའི་བཞུགས་ཁྲིའི་ཐོག་ཕེབས་ནས་གསུང་ཆོས་གནང་བ་དང་།   ཁོང་ལ་ཁ་བཏགས་སོགས་འབུལ་མཁན་རྣམ་པར་ལེགས་སྐྱེས་ཀྱི་ཚུལ་དུ་ཁོང་གི་བླ་མ་བརྒྱུད་པའི་སྐུ་པར་སོགས་གནང་སོང་། དེའི་རྗེས་ནས་ཚང་མ་ཁོང་གི་སྐུ་མདུན་དུ་འཛོམས་ནས་འདྲ་པར་རྒྱག་པ་སོགས་བྱས་རྗེས་གཞི་ནས་ཞལ་ལག་གི་དུས་ཚོད་ཟིན་སོང་བ་དང་། པཎ་ཆེན་རིན་པོ་མཆོག་མེལ་སྦོན་དུ་གནས་བཞུགས་ཆོས་དགེ་གཉིས་དང་ལྷན་དུ་ཞལ་ལག་མཆོད་སར་གདན་འདྲེན་བྱས། ལྕམ་ཛར་ན་ལགས་མངོན་གསལ་མེད་པའི་ཐོག་སོང་སྟེ་སྔོན་ཚུད་ནས་གྲ་སྒྲིག་ཡོད་པ་ལྟར་འཇར་མན་ལ་ཁ་པར་བཏང་།  མི་མང་བྱིངས་རྣམས་ཁང་བའི་གཤམ་དུ་གདན་འདྲེན་ཞུས་ཏེ་ཞལ་ལག་གྲ་རྒྱས་པོ་ཞིག་བཏང་ནས་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡོང་བ་བྱས།   རྒྱ་མི་གཟུགས་སྟོབས་ཆེན་པོ་ཞིག་ཡོང་བ་དེས་ཁང་བའི་ནང་མེ་སྐྱོན་ཡོད་མེད་ལ་རྟོག་ཞིབ་བྱེད་དགོས་ཚུལ་ཨུ་ཚུགས་རྒྱབ་སོང་ཡང་རིམ་བཞིན་ཁོང་ཡང་འོག་ཁང་དུ་ཕྱིན་སོང་།   དེ་ནས་ཐོག་ཁང་དང་འོག་ཁང་བར་གྱི་སྒོ་བརྒྱབ་པ་དང་། སྐུ་ཞབས་GABRIEL རྒེ་སྦལ་རེལ་ལགས་སྒོ་འགྲམ་ནས་ཡར་ལངས་བསྡད་དེ་སྒོ་སྲུང་བ་བྱས། དེ་ནས་ཁ་པར་གྱི་སྐད་གྲགས་སོང་བ་དང་། ཞལ་ལག་འགོ་བཙུགས་མ་ཐག་པའི་སྐབས་སུ་ཁ་པར་དེ་པཎ་ཆེན་རིན་པོའི་ཕྱག་ཏུ་ཕུལ།

ཞལ་པར་བཀའ་མོལ་སྐར་མ་༨༠ རིང་གནང་བ་རེད། བཀའ་མོལ་གནང་བཞིན་པའི་སྐབས་དེར་ཁོང་ཚོ་ཁ་ཤས་ཐོག་ཁང་ལ་འགྲོ་འདོད་ཆེན་པོ་བྱས་སོང་ཡང་། གོས་རྒྱུ་རས་སྣམ་བཟོ་ལས་ཀྱིས་ཕྱུག་པོར་གྱུར་པའི་ཁང་བདག་སྐུ་ཞབས་ཨ་ནེལ་སོ་མེ་ཡ་ནས་གཟིགས་སྐོར་ཚོགས་པས་ཉིན་ཤས་སྔོན་ཨོ་སི་ཊོ་ལི་ཡའི་ཕྱུགས་ལས་ར་བ་དང་བལ་ཀྱི་སྐོར་ལ་དོ་སྣང་བྱས་ཡོད་པ་ཤེས་ཀྱི་ཡོད་པས།   ཁོང་ཚོར་བལ་གྱི་སྐོར་ཡིད་སེམས་འགུག་པའི་ཁ་བརྡ་བྱེད་བཞིན་འདུག།།

ཡང་བར་སྐབས་ཤིག་ལ་རྒྱ་མི་ཞིག་ཐེམ་སྐས་ནས་ཡར་ཡོང་ཐབས་བྱས་སོང་བར་སྒོ་སྲུང་མཁན་གྱིས་ཁོ་ཡར་བཏང་མེད། ཁང་བའི་གཤམ་གྱི་མི་ཚོས་སྒང་ན་གནས་ཚུལ་ག་རེ་བྱུང་གི་ཡོད་མེད་ཤེས་ཀྱི་ཡོད་དམ།   གང་ལྟར་བཀའ་མོལ་གྲུབ་ཚར་བ་དང་སྒོ་རྣམས་ཕྱེ་ནས་ཁོང་ཚོ་ཡར་འགྲོ་མར་འགྲོ་བྱེད་བཅུག་པ་རེད།   རྒྱ་མི་ཚོས་ཁོང་ཚོ་ཁ་སྐྱེངས་པོ་མི་ཡོང་བའི་ཆེད་སྐྱོན་འཛུགས་མ་བྱས་པར་ང་ཚོ་ལ་དགོངས་པ་མ་ཚོམ་རོགས་ཟེར་གྱི་འདུག། །ད་སྔོན་ཐོག་ཁང་དུ་ཡོང་བར་ཨུ་ཚུགས་རྒྱག་མཁན་གྱི་རྒྱ་མི་དེས་ཁོའི་པར་ཆས་གསུང་ཆོས་གནང་སར་ལུས་སོང་བ་དེ་ལེན་པར་ཡོང་བ་སོགས་རྒྱུ་མཚན་བཤད་སོང་། གང་ལྟར་ཁོང་ཚོར་ཆེ་བསྟོད་འདོད་བློ་ཁེངས་པ་ཞིག་བྱུང་འདུག།།

བླ་མ་སྐྱེས་ཆེན་རྣམ་པའི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན། བདུན་ཕྲག་དགུའི་གོང་གི་སྤྱིར་བཏང་གི་བསམ་ཚུལ་དེ་གྲུབ་འབྲས་དང་ལྡན་པ་ཞིག་བྱུང་། ཐ་ན་ཁ་པར་ལས་ཁུངས་ལ་ཡང་ཐུགས་བསྐྱེད་སྨོན་ལམ་གྱིས་ཁྱབ་ཡོད་པ་འདྲ། ལྕམ་ཛར་ན་ལགས་ལ་ཁ་པར་གྱི་མཐུན་རྐྱེན་ཡོད་ཀྱང་སྐབས་དེར་རྒྱལ་སྤྱིའི་ཁ་པར་བཏང་བའི་རིན་གོང་ཆུང་ཆུང་མིན། བོད་རིགས་རྣམས་ནི་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་པ་དང་ཁ་པར་གྱི་འགྲོ་སོང་ཁོང་ཚོས་སྤྲོད་ཀྱི་ཡིན་ཚུལ་བཤད་མོད། ལྕམ་ཛར་ན་ལགས་ནས་ཨུ་ཚུགས་བསྐྱོན་གྱི་འདུག །རྗེས་སུ་ཁོང་མོར་འཛིན་བཏང་དུས་སྐར་མ་ཉི་ཤུ་མ་གཏོགས་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་རིང་གི་འཛིན་བཏང་མི་འདུག་གསུང་གི་འདུག།།

རྗེས་སུ་བསམ་བློ་གཏོང་དུས་ང་ཚོ་ནི་སྤྱིར་བཏང་གི་མི་ཕལ་བ་རྐྱང་ཡིན་ན་ཡང་། འདི་དག་ནི་རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་བྱུང་བ་སྨོས་ཅི་དགོས།

སྐབས་དེར་ང་ཚོས་ནི་ག་རེ་བྱེད་དགོས་ཀྱི་ཡོད་མེད་གསལ་བོ་ཞིག་ཀྱང་ཤེས་ཀྱི་མེད། དེ་བཞིན་ཧ་ཅང་བློ་དོགས་ཆེ་བའི་རྒྱ་མི་ཚོ་གཅིག་མཚུངས་ཡིན། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་གཞུང་འབྲེལ་སྣེ་ཤན་ལས་བྱེད་པ་རྣམས་ལ་མཚོན་ན་ཕྱུགས་ཟོག་ར་བ་ཁག་ལ་ཕེབས་པའི་གཟིགས་སྐོར་དཀྱུས་མ་ཙམ་དེ་བས་ཀྱང་ག་ལ་ཡིན།

གཟིགས་སྐོར་སྔ་རྗེས་སུ་གནས་ཚུལ་མགོ་རྙོག་བྱུང་མིན་ལ་མ་ལྟོས་པའི་གྲུབ་འབྲས་ནི་ཧ་ཅང་གསལ་བོ་རེད།  དེའི་ཕྱིར་ང་ཚོའི་ངོས་ནས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་འདོད་བྱུང་།

ལོ་གཅིག་གི་རྗེས་སུ་བོད་ནང་གི་བོད་མི་ཚོས་བཟོད་བསྲན་ཆེན་པོ་གནང་བར་གྲུབ་འབྲས་མ་བྱུང་བར་བརྟེན་རྒྱལ་ས་ལྷ་སར་ངོ་རྒོལ་གྱི་མེ་ལྕེ་འབར་བ་དང་། གློ་བུར་དུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་ཁྱབ་པར་བརྟེན། ང་ཚོའི་ངོས་ནས་བོད་དོན་ཁྱབ་བསྒྲགས་ཆེད་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ལ་ཁྱབ་པའི་ཚོགས་པ་ཞིག་འགོ་འཛུགས་བྱེད་རྒྱུར་གྲ་སྒྲིག་འཐུས་ཚང་ཡོད་པ་བཅས་སོ།།
(ཡིག་ཆ་འདི་ལོ་རྒྱུས་ཀྱི་དུམ་མཚམས་གལ་ཆེན་ཞིག་ཏུ་མཐོང་སྟེ་རྩོམ་པ་པོར་བཀའ་འཁྲོལ་གྱིས་བོད་བསྒྱུར་ཞུས་པ་ཡིན་ཡང་།  ཨིན་ཡིག་དྲ་ཐག་ www.rukor.org  འདིར་ཡོད་པས་དེ་ལ་རྩ་འཛིན་ཡོང་བ་ཞུ། རྩོམ་ཡིག་འདི་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་ཨོ་སི་ཊོ་ལི་ཡར་ཆིབས་བསྒྱུར་གནང་ནས་མི་ལོ་༣༠་འགོར་བའི་དུས་དྲན་སྲུང་བརྩིའི་ཆེད་རྩོམ་པོ་པོས་༢༠༡༦་ལོར་ཨིན་ཡིག་སྤེལ་བ་ཞིག་ཡིན་འདུག)


[1] ལོ་ཙཱ་བའི་མཆན། དེར་བརྟེན་རྗེས་སོར་ལྷ་ས་ནས་ཁོང་གི་སྐོར་གནས་ཚུལ་མི་ལེགས་པ་དེ་འདྲ་འབྱོར་ཏེ་མི་མང་ཁག་ཅིག་གིས་ཁོང་གིས་ཚོང་ལས་ཤུགས་ཆེན་པོ་གནང་བར་སྐྱོན་བརྗོད་དང་། ལྷག་པར་རིག་མ་ཞིག་ཀྱང་བཞེས་འདུག་ཅེས་ཐོས་ནའང་དམིགས་བསལ་བློ་མི་བདེ་བ་མ་བྱུང་། ཞེས་གསུངས་ཏེ།  ཁོང་རྣམ་པ་གཉིས་དངོས་སུ་བཀའ་མོལ་བྱུང་བ་དེས་ཕྱིས་སུ་པཎ་ཆེན་རིན་པོ་ཆེའི་སྐོར་ལ་གནས་ཚུལ་ག་རེ་གསན་པ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེས་ཐུགས་བློ་བདེ་བར་བཞུགས་སྐོར་གསུངས་འདུག །

This entry was posted in Tibet. Bookmark the permalink.

Leave a Reply

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.